持明 仁增塔欽仁波切寫的紀念龍桑རོང་ཟོམ་班智達的兩首妙詩
⚜️持明 仁增塔欽仁波切寫的紀念龍桑རོང་ཟོམ་班智達的兩首妙詩
⚜️རོང་ཟོམ་མ་ཧཱ་པཎ་ཆེན་ལ་ཕུལ་བའི་བསྟོད་པ་སྙན་ངག་ཚན་པ་གཉིས། རྒྱ་ཀོང་རིག་འཛིན་མཐར་ཕྱིན།
ཟད་མེད་མཐའ་ཀླས་ལུང་རྟོགས་ཆོས་ཕུང་རྒྱ་མཚོའི་ཁམས།།
གཙུག་ལག་ཀུན་གཟིགས་བཤེས་གཉེན་ཕྲེང་བའི་གད་རྒྱངས་གླུས།།
ཆོལ་གསུམ་མཁས་པའི་སྙན་དབང་པདྨ་སྨིན་མཛད་པའི།།
ཤྲཱི་སེང་མཁན་རབས་རིམ་བྱོན་བཅས་པར་དད་ཕྱག་བརྩེགས།།
ཉི་ཟླའི་བགྲོད་པ་རིང་མོའི་དུས་ཀྱི་འཁོར་ལོའི་ནང་།།
མཛད་ཆེན་བཤད་སྒྲུབ་ལས་ཀྱི་ལོ་རྒྱུས་འོད་འཚེར་བའི།།
སྔ་འགྱུར་གདན་ས་ཆེན་པོའི་ཤྲཱི་སེང་ཆོས་སྡེ་རུ།།
ཀུན་མཁྱེན་རོང་ཟོམ་ཆོས་རྗེའི་རྗེས་དྲན་མཛད་སྒོ་སྤེལ།།
འཇམ་དཔལ་དྷཱིཿ ཡིག་འོད་ཀྱི་རལ་གྲིའི་ས་དབྱིབས་སྟེང་།།
འདུལ་འཛིན་རྒྱལ་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས།།
རོང་ཟོམ་ཆེན་པོའི་གསུངས་རབ་ཤིང་པར་བརྐོས་པ་སོགས།།
དབྱངས་སྒྲོས་ཡངས་པོས་སྔོན་གྱི་བྱུང་བ་རྗེས་དྲན་མཛད།།
རབ་མཛེས་བཻདཱུརྱ་མདངས་འཚེར་དབྱར་དུས་མཛེས་པའི་ལྗོངས།།
ཁ་བའི་འདབ་མ་བྲན་པ་ཟླ་ཞུན་འོད་ཀྱིས་འཁྱུད།།
སྨུག་ལྗོངས་དཔྱིད་དཔལ་ཚེས་པ་སྟོན་ལ་ཕྱིན་པའི་བར།།
དུས་བཞིར་ཆོས་སྒྲས་སྙན་པ་ཤྲཱི་སེང་མཁས་པའི་གླིང་།།
སྐྱེད་ཚལ་བྷྲ་མ་ར་ཚོགས་སྦྲང་རྩི་འཚོལ་བ་བཞིན།།
ཐོས་གཉེར་གཞི་བྱེས་འདུས་པས་ཆོས་སྡེ་གོང་འོག་ཁེངས།།
མཁས་ཚུལ་འཆད་རྩོད་རྩོམ་གྱི་ཕྲིན་ལས་བཟང་པོ་ཡིས།།
རྫོགས་ཆེན་གོང་མའི་མཛད་པ་གཙང་མ་བསྐྱངས་འདི་རྨད།།
ཐུབ་པའི་བསྟན་པ་དྲི་མེད་ལྷ་ཡི་རྫིང་རིང་ངོས།།
གྲུབ་དབང་ཐུགས་རྗེ་རྫུ་བ་བཅུ་དྲུག་ཆ་ལྡན་ཚེས་པ་གང་།།
བསྟན་པའི་ཁུར་ཆེན་བཞེས་པའི་ཀུ་མུད་དགའ་ཚལ་དུ།།
དགྱེས་ཞལ་འོད་ཟེར་རྟག་བརྟན་ཕན་བདེ་འཕེལ་གྱུར་ཅིག།
🌈
དྷཱིཿ ཡིག་འོད་ཟེར་སྤྲོ་བསྡུའི་རྫུ་འཕྲུལ་ལས།།
ཟབ་རྒྱས་མཁྱེན་བརྩེའི་རང་བཞིན་ཤར་པའི་མགོན།།
མདོ་རྒྱུད་རྒྱལ་གསུངས་རྟོགས་པའི་ཀློང་བརྡོལ་པའི།།
ཡོངས་ཀྱི་བཤེས་གཉེན་རོང་ཟོམ་ཆེན་པོར་འདུད།།
པདྨའི་ཐུགས་རྗེ་གཡོ་བའི་རྫུ་འཕྲུལ་གྱིས།།
བགྲང་བྱ་སྟོང་ལ་ཉེ་བའི་དུས་ཞིག་ལ།།
དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀ།།
རོང་ཟོམ་ཆོས་བཟང་སྔ་འགྱུར་རྒྱན་དུ་ཕེབས།།
ཕུང་ཁམས་སྐྱེ་གནས་ཟད་པའི་སྐུར་སྨིན་ཀྱང་།།
སྙིགས་མའི་ལུས་གཟེབ་དལ་རྟེན་ཚུལ་བཟུང་ཏེ།།
མདོ་སྔགས་ཊཱིག་ཆེན་ཆོས་ཀྱི་མཛོད་བརྡལ་པའི།།
ཀུན་གཟིགས་མཁས་པའི་དབང་པོ་རོང་ཟོམ་ཞབས།།
བྱེད་སྩོལ་ཆུ་འཛིན་དབྱིངས་ལ་དྭངས་པའི་མཁར།།
ཇི་སྙེད་ཆོས་ཚུལ་གཟའ་སྐར་མ་འདྲེས་པ།།
དགོངས་ཀློང་རིག་པའི་རྒྱན་ཡངས་ཆེན་པོ་རུ།།
མཁྱེན་རླབས་འོད་ཟེར་འཕྲོ་བའི་རོང་ཟོམ་པ།།
གསང་ཆེན་དག་སྣང་བྱིན་རླབས་ལྡིང་ཁང་དུ།།
མོས་གུས་རྩེ་དགས་མྱོས་པའི་རིག་འཛིན་ཁྱུས།།
ཡབ་རྗེ་རོང་ཟོམ་དྲན་པའི་བསྐྱེད་རྫོགས་ཀྱིས།།
འོད་གསལ་དར་གྱི་ཡོལ་བའི་སྒྲིབ་གཡོག་ཕྱེས།།
རྒྱལ་བའི་མཛད་པ་ཆེན་པོའི་ཁུར་བསྣམས་ཞིང་།།
བསྟན་འགྲོའི་དོན་ཆེན་སྒྲུབ་ལ་ཆེས་ཆེར་དཔའ།།
རོང་ཀློང་གྲགས་པའི་སྟོན་པའི་རྗེས་ཞུགས་ཏེ།།
སྙིང་པོའི་དོན་ལ་འདུན་པ་འདི་ཡིས་ཚིམས།།
གང་ཞིག་དྲན་པས་ནོར་བུའི་གཏེར་བརྙེད་བཞིན།།
ངོ་མཚར་བརྒྱ་ཡི་མཁྱེན་མཛོད་འཕྱུར་བ་ཡི།།
ཆོས་ཀྱི་བཟང་པོའི་རིང་ལུགས་དར་སྤེལ་བའི།།
མཆེད་གྲོགས་མཁས་དབང་དེ་ལ་ཡི་རང་ངང་།།
ཁང་པར་ཐིག་ཆུ་འགོག་པར་བྱུས་སྟོན་ཞོར།།
རོང་ཟོམ་ཆོས་བཟང་དྲན་པའི་སྙན་ཚིགས་འགའ།།
མ་བཅོས་དད་པའི་མནྜལ་སོ་མ་ཞིག།།
རྒྱ་ཀོང་རིག་འཛིན་མཐར་ཕྱིན་འབོད་པས་བྲིས།།
|